ྋགོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཉེ་ལམ་བཙན་བྱོལ་དང༌། ཕྱི་རྒྱལ་གྱི་ཡུལ་གྲུ་གང་སར་ནང་པའི་ཚན་རིག་དང༌། ནང་པའི་ལྟ་གྲུབ། ནང་པའི་ཆོས་ཞེས་པའི་བརྗོད་བྱ་གསུམ་གཙོ་འདོན་ཐོག་ནས་ནང་ཆོས་ཀྱི་འགྲེལ་བཤད་གནང་གི་ཡོད། དེ་བས་ང་ཚོས་ཀྱང་རྒྱལ་བའི་དགོངས་བཞེད་དང་མཐུན་པར་དེ་དག་གི་དོན་སྙིང་ཁོང་དུ་ཆུད་པར་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ། དེ་དག་ལས་ནང་པའི་ཚན་རིག་གི་སྡེ་ཚན་ཐོག་ཉེ་བའི་ལོ་ཁ་ཤས་རིང་ྋགོང་ས་མཆོག་སྐུ་སྒེར་གྱིས་གཙོས་བོད་ཀྱི་ནང་པའི་གཞུང་ལུགས་རབ་འབྱམས་ལ་གསན་བསམ་གནང་བཞིན་པའི་གྲྭ་བཙུན་དང༌། ཤར་ནུབ་གཉིས་ཀའི་དེང་དུས་ཀྱི་གྲགས་ཅན་ཚན་རིག་པ་དུ་མ་དང་ལྷན་དུ་ཕན་ཚུན་བགྲོ་གླེང་གི་ལེའུ་ཞིག་འགྲོ་བཞིན་ཡོད།
དེ་ཡང་གཙོ་བོ་ནང་པའི་ཚད་མ་རིག་པ་དང༌། བློ་རིག་གི་རྣམ་གཞག ཚན་རིག་པས་ཤོད་པའི་ཀླད་རྩ་དང་ཀླད་རྡུལ། དེ་བཞིན་རྡུལ་ཕྲན་ཕྲ་མོའི་རྣམ་གཞག་སོགས་ལ་བགྲོ་གླེང་ཞིབ་སྡུར་གནང་བས་ཕྱོགས་གཉིས་ཀར་ཕན་ཐོགས་ཡོད་བཞིན་པ་ཡིན། དེའི་ཕྱིར་ཚན་རིག་གི་གནད་དོན་སྤྱི་དང་དེས་མིའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཚུལ་དང༌། ཤར་ནུབ་ཀྱི་མཁས་པ་སྔ་མ་དག་གི་ཆོས་དང་ཚན་རིག་སོགས་ལ་ལྟ་ཕྱོགས་ཇི་ལྟར་ཡོད་ཚུལ་སོགས་ཤེས་ཐབས་བྱེད་རྒྱུ་ནི་དུས་རབས་འདིའི་གལ་ཆེའི་གནད་དོན་ཞིག་ཀྱང་ཡིན།
སྤྱིར་ཚན་རིག་དང་ནང་ཆོས་གཉིས་དབར་མཐུན་ཕྱོགས་དང་མི་མཐུན་པའི་ཆ་ཅི་རིགས་ཡོད་པས་དགག་གཞག་སྤོང་གསུམ་གྱི་སྒོ་ནས་འཇུག་འོས་པ་ལས། ཕྱོགས་སྔའི་ནམ་མ་ལངས་གོང་ནས་དགག་པའི་ཉི་མ་འཆར་ཞེས་པའི་དཔེ་ལྟར་ཕྱོགས་གཅིག་ཏུ་ལྷུང་ནས་ནམ་ཡང་སྡོད་མི་རུང་བས།ང་ཚོའི་ལྷག་བསམ་བརྩེགས་པ་ཞེས་པའི་དུས་དེབ་འདིས་ཀྱང་གོ་སྐབས་ཆུང་ཆུང་ཞིག་གི་ཁྲོད་ནས་ཚུལ་དེར་སྨན་པའི་བགྱི་བ་ཅུང་ཟད་ཅིག་སྒྲུབ་བཞིན་ད་ཕན་མི་ལོ་ཧྲིལ་པོ་ཉི་ཤུ་ལྷག་ཙམ་སོང༌། འདི་ནས་ཡིག་སྒྱུར་དང་འཁོར་ཐག་ལས་ཕབ་པའི་དུས་དེབ་དང་ྋགོང་ས་མཆོག་གི་བཀའ་སློབ་སྒྲིག་སྦྱོར་སོགས་ཀྱི་ཐད་ད་དུང་མུ་མཐུད་དེ་ནུས་ཤུགས་འདོན་རྒྱུའི་རེ་འདུན་ཡོད། ༢༠༡༠ ལོའི་ལྷག་བསམ་བརྩེགས་པའི་འདོན་ཐེངས་འདིར་དངོས་སུ་ལམ་སྟོན་དང་སྐུལ་ལྕག་གནང་མཁན་རིགས་སློབ་སྤྱི་ཁྱབ་ཡིག་ཚང་དང༌། དུས་ཚོད་ཀྱིས་ལྕོགས་མིན་ལ་མ་ལྟོས་པར་སྒྱུར་རྩོམ་དང༌། ཞུ་དག དེབ་ཀྱི་སྒྲིག་སྦྱོར་སོགས་ལ་དང་བླང་བྱེད་མཁན་གྱི་ཚོགས་མི་སྒེར། དེ་བཞིན་ཟུར་དུ་ང་ཚོར་རོགས་རམ་གནང་མཁན་སློབ་གཉེར་བ་གཞན་དག་ཁག་ཅིག་བཅས་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ།
མདོར་ན་འདིས་ཀྱང་རང་རེའི་སྤྱི་ཚོགས་ནང་ཁོར་ཡུག་གསར་པ་ཞིག་གི་འོག་ནས་ནང་བསྟན་ཚན་རིག་གི་གནད་དོན་དང༌། འཛམ་གླིང་གི་མི་ཆོས་རིང་ལུགས་སམ་ཀུན་སྤྱོད་ཀྱི་ལྟ་ཚུལ་སོགས་ཤེས་བྱ་མང་དག་ཅིག་དེང་སང་གི་འཚོ་བའི་འཁྲུག་ཆའི་ནང་བསམ་གཞིག་གི་ཆེད་དུ་བསྐྲུན་རྒྱུར་ཕན་དང་རེ་བའི་ཀུན་སློང་ལྷད་མེད་དང་བཅས་ཏེ། རྩོམ་སྒྲིག་འགན་འཛིན་དགེ་སློང་བསྟན་འཛིན་མཚན་ལེགས་ཀྱིས་༢༠༡༠།༦།༥ ཉིན་ལ་སྦྱར་བའོ།།
No comments:
Post a Comment